དག་ནི་མི་འཇིགས་པ་དང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཡང་དག་པར་ཟག་པ་ཟད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཟག་པ་ཟད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​བག་ཆགས་སེལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​དམ་བཅས་པ་ལ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གཡོས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྣམ་པར་གྲོལ་བ་ལ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་མི་འཇིགས་པ་གཉིས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ངེས་པར་འབྱིན་པའི་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལམ་ཐབས་ལ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​འཐོབ་པར་བྱེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​འགོག་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​འཇུག་པར་བྱེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​རབ་ཏུ་འཇོག་པར་བྱེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྣམ་པར་གྲོལ་བར་བྱེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་མི་འཇིགས་པ་གསུམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །​དེ་ལ་བར་དུ་གཅོད་པའི་ཆོས་ཀྱི་གཏམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བར་དུ་གཅོད་པ་རྣམས་ལ་སྐྱེ་བ་མེད་པར་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​མ་སྐྱེས་པར་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཆགས་པ་མེད་པར་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བར་དུ་གཅོད་པ་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བར་དུ་གཅོད་པ་རྣམས་ལ་ཐེ་ཙོམ་མེད་པར་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བར་དུ་གཅོད་པ་རྣམས་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོས་ངེས་པ་དང་། མ་ངེས་པར་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བར་དུ་གཅོད་པའི་ཆོས་ཀྱི་གཏམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བརྒྱད་པ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14022#UT22084-045-001-14022