འདི་ལྟར་གཅིག་ནས་གཅིག་ཏུ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་མངོན་པར་གྲགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྦྱོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྔ་པོ་དག་ཉེ་བར་འོངས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​བྱ་བ་དང་བྱ་བ་མ་ཡིན་པ་དག་ཐོས་ནས་དང་དུ་ལེན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ལྷག་པའི་ང་རྒྱལ་མེད་པས་ཉེ་བར་གནས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བདུད་རྩིས་ཚིམ་པར་མཛད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ལྔ་པོ་དག་ལ་བཀའ་སྩོལ་ཅིང་གོ་བར་མཛད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ལྷ་བྱེ་བ་ཕྲག་ལྔ་པོ་དག་ལ་བདུད་རྩི་རྟོགས་པར་མཛད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྦྱོར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་གནས་དང་གནས་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གནས་དང་གནས་མ་ཡིན་པ་ཉིད་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​དམ་བཅས་པ་གཞན་དུ་མི་འགྱུར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཡང་དག་པར་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​དམ་བཅས་པ་སྟོབས་ཅན་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྨྲ་བ་གཞན་དུ་མི་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དུས་ཤེས་ནས་སྒོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་གནས་དང་གནས་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ཡང་དག་པར་བླང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལས་ཀྱི་སྐྱེ་བ་ལ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ལས་ཀྱི་རྒྱུ་ལས་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​རྐྱེན་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལས་རྣམས་ཀྱི་སྤོང་བ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྤོང་བའི་ཐབས་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སྤོང་བའི་སྐྱེ་བ་མེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ཡང་དག་པར་བླང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་འཇིག་རྟེན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14018#UT22084-045-001-14018