མི་འོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བདག་ལ་ཕན་པ་དང་ལྡན་པའི་ཤེས་རབ་ནི་དཔེར་ན་རྒྱལ་པོའི་བུ་སེར་སྐྱའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བདག་ལ་ཕན་པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྒྱན་སྣ་ཚོགས་ཀྱི་ངོ་བོས་བརྒྱན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྦྱིན་པའིའོ། །​མི་དམིགས་པ་ལ་གནས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སེམས་ཅན་གྱི་འདུ་ཤེས་དང་བྲལ་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་མེད་པར་སྤྱོད་པའི་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​མངོན་པར་མ་ཞེན་ཅིང་སེམས་མཉམ་པ་ཉིད་ཐོབ་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཆོས་ཐམས་ཅད་ལ་གཉིས་སུ་མེད་པས་གསལ་བར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །​དེ་ལ་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །​ཚུལ་ཁྲིམས་ཀྱི་འབྲས་བུ་བདེ་འགྲོ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །​བཟོད་པའི་འབྲས་བུ་གཟུགས་བཟང་བ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །​བརྩོན་འགྲུས་ཀྱི་འབྲས་བུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱ་བ་སྒྲུབ་པ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །​བསམ་གཏན་སྐྱེ་བར་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །​ཤེས་རབ་དང་བྲལ་བ་དང་རྒྱུ་འཐུན་པ་གང་ཡིན་པ་དེ་ནི་དེའི་དོན་ཏོ། །​འདི་དག་ནི་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྤོང་བ་དང་རབ་ཏུ་ལྡན་པའི་ལུས་མི་འཇིག་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྤོང་བའི་རྒྱུས་རབ་ཏུ་མི་རྨོངས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཆོས་ལ་བཟོད་པ་མི་འདོར་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སྦྱོར་བ་ཐམས་ཅད་གྲུབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བསམ་གཏན་གྱི་འབྲས་བུ་འགོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡོངས་སུ་བཟུང་བའི་ཤེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14015#UT22084-045-001-14015