ཤེས་རབ་ཀྱི་སྟེ། འདི་དག་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཡོངས་སུ་སྐྱོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་སྟོན་པ་ན་ཆོས་ཉན་པ་རྣམས་ལ་ཆོས་བསྟན་པས་མི་སྐྱོ་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སེམས་ཅན་ལ་ཕན་པར་བསྒྲུབ་པས་མི་སྐྱོ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྐུ་རང་གིས་བཤིག་སྟེ་རྒྱ་ཆེར་བྱིན་གྱིས་བརླབས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​གདུལ་བ་རྣམས་ཀྱི་ཆེད་དུ་དུས་ཐམས་ཅད་དུ་ཉེ་བར་འོང་བའི་རྫུ་འཕྲུལ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཇི་ལྟར་འདོད་པ་བཞིན་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ན་གདམས་ངག་སྟེར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དུས་དང་དུས་མ་ཡིན་པར་ཆོས་ཉན་པ་རྣམས་ལ་ཇི་སྙེད་འདོད་པ་དེ་སྙེད་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་ཡོངས་སུ་སྐྱོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྦྱིན་པ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སློང་བ་ལ་བྱིན་ནས་བདེ་བར་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ལུས་དང་ངག་གི་ལྷག་པར་སྦྱིན་པ་བྱིན་པས་དང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྦྱིན་པ་ལ་དགའ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སྦྱིན་པ་བྱིན་པ་ན་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སེམས་དང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སྦྱིན་པ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྦྱིན་པ་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཚུལ་ཁྲིམས་ལས་ངེས་པར་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསླབ་པ་ཡང་དག་པར་བླང་བ་བྱིན་པ་དང་། སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​མི་འཇིགས་པ་བྱིན་པ་ལ་འཁྲུག་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སེམས་ཅན་རྣམས་ལ་ཕན་པར་སེམས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བསླབ་པ་ཀུན་ནས་སྲུང་ཞིང་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བསླབ་པ་སྔོན་དུ་བཏང་ནས་སེམས་ཅན་རྣམས་ལ་ཕན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14010#UT22084-045-001-14010