ས་ཐམས་ཅད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཆོས་ཐམས་ཅད་ཡང་དག་པར་གཟུང་བའི་རིག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཆོས་ཐམས་ཅད་རབ་ཏུ་ཤེས་པར་བྱེད་པའི་རིག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རིག་པ་ལ་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་གྲོལ་བ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྣམ་པར་གྲོལ་བ་ལ་མྱུར་དུ་ཞུགས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​བག་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​མཐར་འཛིན་པ་ཡོངས་སུ་སྤངས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཐམས་ཅད་དུ་དེའི་ངོ་བོ་མ་ཡིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​དུས་ཐམས་ཅད་དུ་བདེ་བ་དང་སྡུག་བསྔལ་གྱིས་མི་འཕྲོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དེ་ཁོ་ནའི་ཆོས་ཀྱི་རྒྱུ་འཐུན་པའི་ཐམས་ཅད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་གྲོལ་བ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དགེ་སློང་གི་འཁོར་ཉེ་བར་འོང་བ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསམ་པ་ཇི་ལྟ་བ་བཞིན་ཐམས་ཅད་དུ་སྤྲུལ་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཅི་འདོད་པར་སྤྲུལ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​དེ་བསམ་པ་བཞིན་བརྗོད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཁྱད་པར་དུ་བརྗོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སེམས་ལ་འཛིན་པ་མེད་པར་བརྗོད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དེ་ལས་ངེས་པར་གྲོལ་བར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དགེ་སློང་གི་འཁོར་ཉེ་བར་འོང་བ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་བཞིན་དུ་བཤད་པ་འདིས་ནི་འཁོར་བརྒྱད་པོ་ཐམས་ཅད་ལ་ཡང་སྦྱར་བར་ཤེས་པར་བྱའོ། །​དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དོན་བརྗོད་པ་དང་དོན་མ་ཡིན་པ་བརྗོད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྐྱེ་བོ་མང་པོ་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​དོན་ལ་སྐྱོན་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​འོག་མིན་གྱི་གནས་ནས་བཟུང་སྟེ། ཕན་ཚུན་བདེན་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14008#UT22084-045-001-14008