དེ་ལ་ཡང་དག་པའི་འཚོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡང་དག་པའི་འཚོ་བ་ལ་དགའ་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​མྱ་ངན་ལས་འདས་པས་ཉེ་བར་འཚོ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྙིང་རྗེ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཆོས་རྟོགས་པས་ཉེ་བར་འཚོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སེམས་ཅན་མེད་པས་ཉེ་བར་འཚོ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཟང་ཟིང་མེད་པས་ཉེ་བར་འཚོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་པའི་འཚོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །​དེ་ལ་ཡང་དག་པའི་རྩོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐམས་ཅད་སྤངས་ཏེ་དགོན་པའི་གནས་མི་འདོར་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ལུས་དང་། ངག་ཡང་དག་པ་ལ་སྦྱོར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​དམིགས་པ་ལ་མི་དམིགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​གཟུངས་ཐོབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བརྡ་ལ་སྦྱོར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​གནོད་པ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་པའི་རྩོལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཡང་དག་པའི་དྲན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདུས་བྱས་ལ་མི་ལྟ་བའི་དྲན་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཆོས་ཐམས་ཅད་ཀྱི་སྐྱོན་དང་ཡོན་ཏན་འཇལ་བར་བྱེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བག་ཡོད་པའི་རྣམ་པར་སྨིན་པ་དྲན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཆོས་ཐམས་ཅད་ཀྱི་ཡང་དག་པའི་ཐོབ་པ་ལ་བརྗེད་པ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཞི་གནས་བསྒོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཡང་དག་པའི་དྲན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡང་དག་པའི་ཏིང་ངེ་འཛིན་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཡང་དག་པའི་ཏིང་ངེ་འཛིན་ཤིན་ཏུ་གནས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཡང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14006#UT22084-045-001-14006