དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྤོང་བ་ལ་དམིགས་པའི་སེམས་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སེམས་དེའི་སྐྱོན་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​གཡོ་བ་མེད་པ་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སེམས་ཀྱི་སྤྱོད་ཡུལ་ཡ་ང་བ་ཟློག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​གཞན་གྱི་ཕྱིར་སེམས་དགའ་བར་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྐྱེན་ལ་རག་ལས་པ་མཐོང་ནས་མཚན་མ་མེད་པ་སྒོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སེམས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཆོས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་རྣམས་ཀྱི་རྣམ་པ་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཆོས་རྣམས་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཆོས་རྣམས་སྐྱེ་བས་དབེན་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཆོས་རྣམས་ལ་ལྟ་བ་མཆོག་ཏུ་འཛིན་པ་སྤངས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཆོས་རྣམས་ལ་མངོན་པར་ཞེན་པ་སྤངས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཆོས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བདུན་པ། དེ་ལ་སྡུག་བསྔལ་འཕགས་པའི་བདེན་པ་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྡུག་བསྔལ་ཡོངས་སུ་གཏོང་བར་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྡུག་བསྔལ་ལ་ཡིད་བྱུང་བར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྡུག་བསྔལ་གསོབ་ཏུ་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སྡུག་བསྔལ་ཆེན་པོར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སྡུག་བསྔལ་གྱི་རང་བཞིན་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སྡུག་བསྔལ་ཡོངས་སུ་ཤེས་པ་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྡུག་བསྔལ་འཕགས་པའི་བདེན་པ་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཀུན་འབྱུང་བའི་བདེན་པའི་ཕ་རོལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13997#UT22084-045-001-13997