རྣམ་པར་སྨིན་པ་སྟེ། འདི་དག་ནི་མཉམ་པར་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཡོངས་སུ་སྨིན་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་བརྙེས་ནས་གང་དག་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་བཏང་སྙོམས་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​གསོལ་བ་མ་བཏབ་པར་ཆོས་མི་སྟོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཐེག་པ་དམན་པ་ལ་མོས་པ་རྣམས་ལ་ལུས་དམན་པ་མངོན་པར་སྤྲུལ་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལྟེང་རྒྱས་འོད་སྲུང་ལ་གདམས་ངག་སྟོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སེམས་ཅན་རྣམས་ཀྱིས་ཞུ་བ་ཞུས་པ་ལ་སྐྱོ་བ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཞུས་པའི་ལན་འདེབས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཡོངས་སུ་སྨིན་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འབྲས་བུ་ཡོད་པའི་ཆོས་སྟོན་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​སངས་རྒྱས་ཀྱིས་མཛད་པ་འབྲས་བུ་ཡོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ངེས་པའི་ཚིག་ཐམས་ཅད་ལ་སྤོབས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཆོས་རྣམས་ལ་བརྗེད་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཐམས་ཅད་དུ་འགྲོ་བའི་ལམ་གྱི་སྟོབས་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​མི་འཇིགས་པ་རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོགས་པ་མེད་པའི་སྤྱན་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​འཁོར་གྱི་སེམས་ཚར་གཅད་པ་དང་སེམས་རབ་ཏུ་འཛིན་པ་མཁྱེན་ནས་ཆོས་སྟོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​བསྙེན་པར་དཀའ་བ་ལ་ཞེ་ས་དང་བཅས་པས་ཉན་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​དུས་མཁྱེན་ནས་ཆོས་སྟོན་པ་གང་ཡིན་པ་དེ་ནི་བརྩོན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13988#UT22084-045-001-13988