རིང་བ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བྱང་ཆུབ་སེམས་དཔའི་ཚངས་པའི་དབྱངས་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དབྱངས་གསང་མཐོ་བ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​དགའ་བར་འགྱུར་བའི་དབྱངས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །​དབྱངས་སྣ་ཚོགས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །​དབྱངས་ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །​དབྱངས་རྒྱུན་ཆད་པ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །སྒྲ་དང་བརྡ་ཐམས་ཅད་ལ་དབྱངས་སྙན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ཚངས་པའི་དབྱངས་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​གཞན་ཡང་ལུས་དང་སེམས་བདེ་བར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​རྣར་སྙན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྙིང་སིམ་པར་བྱེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​འཁོར་ཐམས་ཅད་མི་འདོར་བར་གོ་བར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བྱ་ཀ་ལ་པིང་ཀའི་སྒྲ་ལྟ་བུའི་དབྱངས་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཐེ་ཚོམ་གཅོད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་སྨིན་པ་ཚངས་པའི་དབྱངས་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་མཚན་རོ་བྲོ་བའི་མཆོག་དང་ལྡན་པར་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཞལ་ཟས་ཐམས་ཅད་ཐུགས་སུ་བྱོན་ཅིང་རོ་བྲོ་བའི་མཆོག་དང་ལྡན་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​ཞལ་ཟས་གསོལ་ནས་བདེ་བར་འཇུ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཞལ་ཟས་མཛེས་པར་གསོལ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཞལ་ཟས་མང་ཉུང་འདྲ་བར་འཇུ་ཞིང་ཁམས་འཁྲུག་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​གཟི་བྱིན་དང་ལྡན་པ་གང་ཡིན་དེ་ནི་བསམ་གཏན་གྱིའོ། །​མྱུར་དུ་སྤང་བར་རུང་ལ་ཧ་ཅང་ཡང་མི་གྲང་ཧ་ཅང་ཡང་མི་ཚ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-13979#UT22084-045-001-13979