གཉིས་སུ་བྱར་མེད་པར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་གང་སློབ་པ་དང་། གཉིས་སུ་བྱར་མེད་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ལ་གང་སློབ་པ་དང་། གཉིས་སུ་བྱར་མེད་པར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གང་སློབ་པ་དང་། གཉིས་སུ་བྱར་མེད་པར་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གང་སློབ་པ་དང་། གཉིས་སུ་བྱར་མེད་པར་རང་བྱང་ཆུབ་ལ་གང་སློབ་པ་དང་། གཉིས་སུ་བྱར་མེད་པར་སངས་རྒྱས་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མེད་པར་ཐམས་ཅད་མཁྱེན་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གང་སློབ་པ་དེ་ནི། གཉིས་སུ་བྱར་མེད་པར་སངས་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་པ་ལ་སློབ་པོ། །​གཉིས་སུ་བྱར་མེད་པར་སངས་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་པ་ལ་གང་སློབ་པ་དེ་ནི། གཟུགས་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །​སྐྱེ་མཆེད་དང་། ཁམས་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །​རྟེན་ཅིང་འབྲེལ་བར་འབྱུང་བ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །​སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །​ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །​དྲན་པ་ཉེ་བར་གཞག་པ་རྣམས་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །​ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7461#UT22084-026-001-7461