གནས་བརྟན་རབ་འབྱོར་ལ་འཐོར་བར་གྱུར་ཏོ། །​མངོན་པར་འཐོར་བར་གྱུར་ཏོ། །​རབ་ཏུ་འཐོར་བར་གྱུར་ཏོ། །​མེ་ཏོག་དེ་དག་གིས་གཏོར་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་གཞི་མེ་ཏོག་གིས་ཁེབས་པར་གྱུར་ནས། སྟེང་གི་བར་སྣང་ལ་ཡང་མེ་ཏོག་གི་ཁང་བ་བརྩེགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་མདངས་དགའ་ཞིང་ཡིད་དུ་འོང་བ་ཀུན་ནས་གནས་པར་གྱུར་ཏོ། །​དེ་ནས་གནས་བརྟན་རབ་འབྱོར་འདི་སྙམ་དུ་སེམས་པར་གྱུར་ཏེ་འདི་ལྟར་ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་བདག་གིས་སྔོན་ཆད་ལྷའི་གནས་ཐམས་ཅད་ན་ཡང་ཡོད་པར་མ་མཐོང་སྟེ། མེ་ཏོག་འདི་དག་ནི་སྤྲུལ་པའོ། །​འདི་ལྟར་ལྷའི་བུ་དག་གིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་ལྡུམ་བུ་ལས་བྱུང་བ་མ་ཡིན། ཆུ་ལས་སྐྱེས་པ་མ་ཡིན། ཐང་ལས་སྐྱེས་པ་མ་ཡིན་ནོ། །​འདི་ལྟར་ལྷའི་བུ་དག་གིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་ཡིད་ལས་བྱུང་བ་སྟེ། མེ་ཏོག་འདི་དག་ནི་ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་སྙམ་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ནི་མ་བྱུང་བ་སྟེ། མེ་ཏོག་འདི་དག་ནི་ཡིད་ལས་བྱུང་བ་མ་ཡིན་ནོ། །​ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་སྙམ་མོ། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་སྐད་དུ་མེ་ཏོག་འདི་དག་མ་བྱུང་མ་སྐྱེས་པ་སྟེ། མེ་ཏོག་འདི་དག་ཡིད་ལས་བྱུང་བ་མ་ཡིན། ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་དེ་ལྟར་མ་སྐྱེས་པ་ནི་མེ་ཏོག་ཀྱང་མ་ཡིན་ནོ། །​བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ཉི་ཚེ་མ་བྱུང་བར་ཟད་དམ། འོན་ཏམ་གཟུགས་ཀྱང་མ་བྱུང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མ་བྱུང་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་མེ་ཏོག་འདི་དག་ཉི་ཚེ་མ་བྱུང་བར་མ་ཟད་ཀྱི། ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ། །​ཀཽ་ཤི་ཀ་ཚོར་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7448#UT22084-026-001-7448