བ་དང་མཆོད་པ་དང་བསྙེན་བཀུར་བ་དང་ཆོས་མཉན་པ་དང་། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་གཞན་ལ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པར་འགྲོའོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཞིང་ཅི་འདྲ་བ་དེ་འདྲ་བ་ཉིད་དུ་ཡོངས་སུ་བསྒྲུབ་པར་བྱའོ། །​སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱའོ། །​འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་སོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། ཕྲེང་བ་དང་དྲི་དང་བྱུག་པ་དང་ཕྱེ་མ་དང་ཆོས་གོས་དང་གདུགས་དང་། རྒྱལ་མཚན་དང་བ་དན་མང་པོས་རིམ་གྲོར་བྱའོ། །​བཀུར་བསྟིར་བྱའོ། །​བསྟི་སྟང་དུ་བྱའོ། མཆོད་པར་བྱའོ། །​དེ་བཞིན་གཤེགས་པ་དེ་དག་ལ་ན་བཟའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་གིས་ཀྱང་མཆོད་པར་བྱའོ། །​ཞེས་བྱ་བ་དེ་ལྟར་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་དགོད་པར་བྱའོ། །​ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​མིག་ལྔ་བསྒྲུབ་པར་བྱ་སྟེ། ལྔ་གང་ཞེ་ན་ཤའི་མིག་དང་ལྷའི་མིག་དང་ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་སངས་རྒྱས་ཀྱི་མིག་བསྒྲུབ་པར་བྱའོ། །​ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ། །​ཏིང་ངེ་འཛིན་གང་དང་གང་གིས་རྣམ་པར་རྩེ་བར་འདོད་པའི་ཏིང་ངེ་འཛིན་དེ་དང་དེས་རྣམ་པར་རྩེ་བར་བྱའོ། །​གཟུངས་ཀྱི་སྒོ་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་བསྒྲུབ་པར་བྱའོ། །​མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་བསྒྲུབ་པར་བྱའོ། །​ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7401#UT22084-026-001-7401