ཀཽ་ཤི་ཀ་དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་དང་། ཡང་དག་པར་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་འཕགས་པའི་བདེན་པ་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །​ཀཽ་ཤི་ཀ་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་སྟོང་ངོ་། །​རང་སངས་རྒྱས་ཀྱི་ཐེག་པ་ནི་རང་སངས་རྒྱས་ཀྱི་ཐེག་པས་སྟོང་ངོ་། །​སངས་རྒྱས་ཀྱི་ཐེག་པ་ནི་སངས་རྒྱས་ཀྱི་ཐེག་པས་སྟོང་ངོ་། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །​ཀཽ་ཤི་ཀ་དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པ་སྟོང་པ་ཉིད་དང་། རང་སངས་རྒྱས་ཀྱི་ཐེག་པ་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཐེག་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7391#UT22084-026-001-7391