གྱི་ཐ་སྙད་ཀྱིས་གདགས་པའོ། །​རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། སངས་རྒྱས་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་གདགས་པ་སྟེ། དོན་དམ་པར་ནི་འཐོབ་པའམ། མངོན་པར་རྟོགས་པའམ། རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། སངས་རྒྱས་སུ་གདགས་པ་མེད་དོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཐོབ་པ་དང་། མངོན་པར་རྟོགས་པར་བྱ་བ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི་དོན་དམ་པར་མ་ཡིན་ནམ། སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཐོབ་པ་དང་། མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི་དོན་དམ་པར་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དོན་དམ་པར་ནི་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད། སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད་དོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་རམ། འོན་ཏམ་སྐྱེས་པའི་ཆོས་སྐྱེ་བར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་མ་སྐྱེས་པའི་ཆོས་ཀྱང་སྐྱེ་བར་མི་འདོད་དོ། །​སྐྱེས་པའི་ཆོས་ཀྱང་སྐྱེ་བར་མི་འདོད་དོ།​། །​།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ཉི་ཤུ་དྲུག་པ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་གཟུགས་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་ཚོར་བ་དང་འདུ་ཤེས་དང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7348#UT22084-026-001-7348