བསྒོམས། ཕྱིར་མི་འོང་བས་ནི། དམ་པ་མ་ཡིན་པའི་ཆ་ཅན་གྱི། ཀུན་དུ་སྦྱོར་བ་ལྔ་སྤང་བའི་ཕྱིར་ལམ་བསྒོམས། དགྲ་བཅོམ་པས་ནི་བླ་མའི་ཆ་ཅན་གྱི། ཀུན་དུ་སྦྱོར་བ་རྣམས་སྤང་བའི་ཕྱིར་ལམ་བསྒོམས། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པས་ནི། རང་བྱང་ཆུབ་ཀྱི་དོན་དུ་ལམ་བསྒོམས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་རྣམས་ཀྱི་དོན་དུ་དེ་ལྟར་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་ཅིང་དཀའ་བའི་སྤྱད་པ་སྤྱོད་ཅིང་། ཅིའི་ཕྱིར་དེ་བཞིན་གཤེགས་པས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས། ཅིའི་ཕྱིར་དེ་བཞིན་གཤེགས་པས་ནི། ཆོས་ཀྱི་འཁོར་ལོ་བསྐོར། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་ཆོས་མ་སྐྱེས་པ་ལ་འཐོབ་པ་ཡོད་པ་དང་། ཁོང་དུ་ཆུད་པ་ཡོད་པར་མི་འདོད་དོ། །​མ་སྐྱེས་པ་ལ་རྒྱུན་དུ་ཞུགས་པ་ཡོད་པར་མི་འདོད་དོ། །​རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ། །​མ་སྐྱེས་པ་ལ་ལན་ཅིག་ཕྱིར་འོང་བ་ཡོད་པར་མི་འདོད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་པར་མི་འདོད་དོ། །​མ་སྐྱེས་པ་ལ་ཕྱིར་མི་འོང་བ་ཡོད་པར་མི་འདོད་དོ། །​ཕྱིར་མི་འོང་བའི་འབྲས་བུ་ཡོད་པར་མི་འདོད་དོ། །མ་སྐྱེས་པ་ལ་དགྲ་བཅོམ་པ་ཡོད་པར་མི་འདོད་དོ། །​དགྲ་བཅོམ་པ་ཉིད་མངོན་དུ་བྱ་བ་ཡོད་པར་མི་འདོད་དོ། །​མ་སྐྱེས་པ་ལ་རང་སངས་རྒྱས་ཡོད་པར་མི་འདོད་དོ། །​རང་བྱང་ཆུབ་ཡོད་པར་མི་འདོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དཀའ་བའི་སྤྱད་པ་སྤྱོད་པ་ཡོད་པར་མི་འདོད་དོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དཀའ་བ་སྤྱོད་པའི་འདུ་ཤེས་ཀྱིས་མི་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྡུག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7346#UT22084-026-001-7346