མངོན་པར་ཆགས་པ་མེད་དོ། །​ཆོས་གང་གི་རྣམ་པ་ཤེས་ཤེ་ན། གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་རྣམ་པར་ཐར་བ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་ཀྱི་རྣམ་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་པ་གང་དང་ཚུལ་གང་དང་མཚན་མ་གང་གིས་ཆོས་རྣམས་རྣམ་པ་ཡོད་པར་བྱ་བ་སྟེ། འདི་ལྟར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་གཟུགས་སམ་སྒྲའམ་དྲིའམ་རོའམ་རེག་གམ་ཕྱི་ནང་གི་ཆོས་ཀྱང་ཤེས་ཏེ། རྣམ་པ་གང་དང་ཚུལ་གང་དང་མཚན་མ་གང་གིས་རྣམ་པར་ཡོད་པར་བྱ་བ་འདི་དག་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་དེ་ནི་རིང་དུ་སོང་བ་སྟེ། གང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7323#UT22084-026-001-7323