འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་པ་དེ་དག་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​མིག་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​གཟུགས་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​མིག་གི་རྣམ་པར་ཤེས་པ་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7283#UT22084-026-001-7283