དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ། ཡོངས་སུ་མི་འཇུམ། འགྱོད་པར་མི་འགྱུར་ཞིང་། ཡིད་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལ་སྤྱོད་དོ་ཞེས་སྨྲ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་ཅན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །​སེམས་ཅན་སྟོང་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་ཅན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །​སེམས་ཅན་སྟོང་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་དམིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་ཅན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །​སེམས་ཅན་སྟོང་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མི་དམིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པ་དང་། སེམས་ཅན་སྟོང་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མེད་པ་ལ་སྔོན་གྱི་མཐའ་མི་དམིགས་སོ་ཕྱི་མའི་མཐའ་མི་དམིགས་སོ། །​དབུས་སུ་མི་དམིགས་སོ། །​སེམས་ཅན་མེད་པ་ཡང་གཞན། སེམས་ཅན་སྟོང་བ་ཡང་གཞན། སེམས་ཅན་དབེན་པ་ཡང་གཞན། སེམས་ཅན་རང་བཞིན་མེད་པ་ཡང་གཞན་ཞིག་ཡིན་ལ། བྱང་ཆུབ་སེམས་དཔའ་ཡང་གཞན་ཞིག་སྟེ། སྔོན་གྱི་མཐའ་ཡང་གཞན། ཕྱི་མའི་མཐའ་ཡང་གཞན། དབུས་ཀྱང་གཞན་ཞེས་བྱ་བ་མེད་དེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་སེམས་ཅན་མེད་པ་གང་ཡིན་པ་དང་། སེམས་ཅན་སྟོང་བ་གང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7240#UT22084-026-001-7240