དེ་བཞིན་དུ་ཕྱག་ལག་ངར་གཉིས་དང་། སྐུ་ཕྲག་པ་གཉིས་དང་། མགུར་དང་། ཚེམས་མཆེ་བ་བཞི་དང་། ཚེམས་བཞི་བཅུ་དང་། སྤྱན་གཉིས་དང་། སྙན་གཉིས་དང་། ཤངས་ཀྱི་སྦུབས་གཉིས་དང་། སྨིན་མཚམས་ཀྱི་མཛོད་སྤུ་དང་། སྟེང་གི་སྤྱི་གཙུག་དང་། ཞལ་གྱི་སྒོ་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་སྟེ། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །​ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་མཚམས་དང་འོག་དང་སྟེང་གི་ཕྱོགས་སུ་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །​སེམས་ཅན་གང་གིས་འོད་ཟེར་དེ་མཐོང་བ་དང་། འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་བ་སྤུའི་སྒོ་ཐམས་ཅད་ནས་འོད་ཟེར་རབ་ཏུ་དགྱེ་བ་མཛད་དེ། འོད་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །​ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །​ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་མཚམས་དང་འོག་དང་སྟེང་གི་ཕྱོགས་སུ་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །​སེམས་ཅན་གང་གིས་འོད་དེ་མཐོང་བ་དང་འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །​དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6621#UT22084-026-001-6621