བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་ཡང་མི་མཛད་དེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་མེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་མཛད་དོ། །​རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ་སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བསྐོར་བར་ཡང་མི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་མེད་དེ་དངོས་པོ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་རུང་སྟེ། འཇིག་རྟེན་དུ་ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་རབ་ཏུ་བསྐོར་རོ། །​རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་འདའ་བར་ཡང་མི་འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་དངོས་པོ་མེད་དེ། དངོས་པོ་མ་ཡིན་པས། དེའི་ཕྱིར་སེམས་ཅན་རྣམས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7183#UT22084-026-001-7183