རོ། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་བཅུ་པའོ།​། །​།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བས། དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། །​བཅོམ་ལྡན་འདས་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། ཇི་ལྟར་ནམ་མཁའ་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པས། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་སྟེ། ཐེག་པ་ཆེན་པོ་དེ་ལ་འགྲོ་བ་དང་། འོང་བ་ཞེས་བགྱི་བའམ། གནས་པ་ཡང་མ་མཆིས། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་ཞེས་བགྱི་བ་ཡང་མ་མཆིས་སོ། །​བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་འགྲོ་བའམ་འོང་བ་ཞེས་བགྱི་བ་ཡང་མ་མཆིས་ལ། གནས་པ་ཡང་མ་མཆིས་པ་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ལ་ཡང་འགྲོ་བ་མི་དམིགས། འོང་བ་མི་དམིགས། གནས་པ་མི་དམིགས་སོ། །​བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ། སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་སོ། །​དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ། སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་སོ། །​བཅོམ་ལྡན་འདས་འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་པས། དེའི་སླད་དུ་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱིའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7167#UT22084-026-001-7167