གདགས་པ་སྟོང་པ་ཉིད་གདགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྐྱེ་བ་མེད་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་འབྱུང་བར་འདོད་དུ་ཟད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་མེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །​འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བ་མེད་པ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ནི། མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​རབ་འབྱོར་དེ་ལྟར་རྣམ་གྲངས་དེས་ན། འདི་ལྟར་ཐེག་པ་ཆེན་པོ་ནི་ཁམས་གསུམ་ནས་བྱུང་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པར་ཤེས་པར་བྱ་སྟེ། གནས་དེ་ནི་བསྐྱོད་དུ་མེད་པའོ།​། །​།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། །​བམ་པོ་བཅུ་དགུ་པ། །​རབ་འབྱོར་གཞན་ཡང་ཁྱོད་ཀྱིས་གང་འདི་སྐད་དུ། ཐེག་པ་ཆེན་པོ་དེ་གང་དུ་གནས་པར་འགྱུར་ཞེས་སྨྲས་པ་དེ། ཐེག་པ་ཆེན་པོ་དེ་གང་དུ་ཡང་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་གནས་མི་དམིགས་པའི་ཕྱིར་མི་གནས་པ་སྟེ། རབ་འབྱོར་དེ་ལྟར་ཐེག་པ་ཆེན་པོ་དེ་ནི་མི་གནས་པའི་ཚུལ་གྱིས་གནས་སོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཆོས་ཀྱི་དབྱིངས་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7146#UT22084-026-001-7146