པ་ཉིད་དུ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་སྒྱུ་མ་ནི་དངོས་པོ་མ་མཆིས་པའི་རང་བཞིན། སྒྲ་བརྙན་ནི་དངོས་པོ་མ་མཆིས་པའི་རང་བཞིན། མིག་ཡོར་ནི་དངོས་པོ་མ་མཆིས་པའི་རང་བཞིན། ཆུ་ཟླ་ནི་དངོས་པོ་མ་མཆིས་པའི་རང་བཞིན། སྨིག་རྒྱུ་ནི་དངོས་པོ་མ་མཆིས་པའི་རང་བཞིན། སྤྲུལ་པ་ནི་དངོས་པོ་མ་མཆིས་པའི་རང་བཞིན་ཏེ། དངོས་པོ་མ་མཆིས་པའི་རང་བཞིན་དེ་ནི་དམིགས་སུ་མ་མཆིས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ནི་རྨི་ལམ་ལྟ་བུ། ཚོར་བ་ནི་རྨི་ལམ་ལྟ་བུ། འདུ་ཤེས་ནི་རྨི་ལམ་ལྟ་བུ། འདུ་བྱེད་ནི་རྨི་ལམ་ལྟ་བུ། རྣམ་པར་ཤེས་པ་ནི་རྨི་ལམ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ །​དེ་ནི་ཕུང་པོ་ལྔའོ། །​རབ་འབྱོར་གཟུགས་ནི་སྒྱུ་མ་ལྟ་བུའོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ །​དེ་ནི་ཕུང་པོ་ལྔའོ། །​རབ་འབྱོར་གཟུགས་ནི་སྒྲ་བརྙན་ལྟ་བུའོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་སྒྲ་བརྙན་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ །​དེ་ནི་ཕུང་པོ་ལྔའོ། །​རབ་འབྱོར་གཟུགས་ནི་མིག་ཡོར་ལྟ་བུའོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མིག་ཡོར་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ །​དེ་ནི་ཕུང་པོ་ལྔའོ། །​རབ་འབྱོར་གཟུགས་ནི་ཆུ་ཟླ་ལྟ་བུའོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་ཆུ་ཟླ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ །​དེ་ནི་ཕུང་པོ་ལྔའོ་རབ་འབྱོར་གཟུགས་ནི་སྨིག་རྒྱུ་ལྟ་བུའོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་སྨིག་རྒྱུ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ །​དེ་ནི་ཕུང་པོ་ལྔའོ། །​རབ་འབྱོར་གཟུགས་ནི་སྤྲུལ་པ་ལྟ་བུའོ། །​ཚོར་བ་དང་། འདུ་ཤེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6937#UT22084-026-001-6937