དེ་གཟུགས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡང་དག་པའི་མཐའི་བར་གྱི་ནང་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡང་དག་པའི་མཐའི་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡང་དག་པའི་མཐའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ཡང་དག་པའི་མཐའ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​རྣམ་གྲངས་འདི་ལ་ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན་མོས་པར་གྱུར་ཏེ། དེ་ལྟར་མོས་པར་གྱུར་ན། དད་པའི་རྗེས་སུ་འབྲང་བས་ཆོས་ཉིད་ཚད་མར་བགྱིས་ཏེ། ཆོས་ཐམས་ཅད་མི་དམིགས་པའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཞུགས་པར་གྱུར་ཏེ། དེ་དེ་ལྟར་མོས་པར་གྱུར་ནས། དེས་ཆོས་གང་ཡང་མཚན་མ་མཆིས་པ་དང་། ཡིད་ལ་བགྱི་བ་མ་མཆིས་པའི་སླད་དུ་ཡོངས་སུ་གཟུང་བ་མ་མཆིས་ཏེ། ཆོས་ཐམས་ཅད་གཟུང་དུ་མ་མཆིས། གཏང་དུ་མ་མཆིས་པའི་སླད་དུ། ཡོངས་སུ་གཟུང་བར་བགྱི་བའམ། གཏང་བར་བགྱི་བ་དེ་ལྟ་བུའི་ཆོས་གང་ཡང་དེས་མ་དམིགས་ཏེ། ཆོས་ཐམས་ཅད་ལ་རློམ་སེམས་མ་མཆིས་པའི་སླད་དུ། དེ་ནི་མྱ་ངན་ལས་འདས་པས་ཀྱང་རློམ་སེམས་སུ་འགྱུར་བ་མ་མཆིས་སོ། །​བཅོམ་ལྡན་འདས་དེ་ལྟར་གང་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུ། གཟུགས་ཡོངས་སུ་མི་འཛིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6899#UT22084-026-001-6899