སྟོང་པ་ཉིད་མ་མཆིས་ཏེ། རྒ་ཤི་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་རྒ་ཤིའོ། །​བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་ལ་གནས་པར་མི་བགྱིའོ། །འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ལ་གནས་པར་མི་བགྱིའོ། །​བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་སྟོང་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མ་ལགས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་སྟོང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །​བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་པར་མི་བགྱིའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6882#UT22084-026-001-6882