མངོན་སུམ་གྱི་མིག་དང་ལྡན་པ། ལུས་མངོན་དུ་གྱུར་པ་སྟེ། ཉན་ཐོས་ཉོན་མོངས་པ་མེད་པར་རྣམ་པར་སྤྱོད་པ་རྣམས་ཀྱི་མཆོག་ཏུ། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསྟན་པ་འདི་ཡང་དེའི་ཚུལ་དང་འདྲའོ། །​ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་བཞིན་དུ་བསླབ་པར་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཡང་འདི་ལས་ཡོངས་སུ་ཤེས་པར་བྱའོ། །​དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ་སྟེ། ཚེ་དང་ལྡན་པ་རབ་འབྱོར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ། །​གཟུང་བར་བྱའོ། །​བཅང་བར་བྱའོ། །ཀླག་པར་བྱའོ། །​ཡོངས་སུ་ཆུབ་པར་བྱའོ། །​ཚུལ་བཞིན་དུ་ཡིད་ལ་བྱའོ། །​རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ། །​གཟུང་བར་བྱའོ། །​བཅང་བར་བྱའོ། །​ཀླག་པར་བྱའོ། །ཡོངས་སུ་ཆུབ་པར་བྱའོ། །​ཚུལ་བཞིན་དུ་ཡིད་ལ་བྱའོ། །​བྱང་ཆུབ་སེམས་དཔའི་ས་དང་། སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ། །གཟུང་བར་བྱའོ། །​བཅང་བར་བྱའོ། །​ཀླག་པར་བྱའོ། །​ཡོངས་སུ་ཆུབ་པར་བྱའོ། །​ཚུལ་བཞིན་དུ་ཡིད་ལ་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་རྟག་ཏུ་རྒྱུན་མི་ཆད་པར་བསླབ་པར་བྱ་བའི་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་བཞི་པའོ།​། །​།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6864#UT22084-026-001-6864