བྱ་བའོ། །​ཆོས་འདི་དག་ནི་བསྟེན་པར་མི་བྱ་བའོ། །​འདི་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤྱད་པར་བྱའོ། །​འདི་ལ་ནི་སྤྱད་པར་མི་བྱའོ། །​འདི་ནི་བྱང་ཆུབ་སེམས་དཔའི་ལམ་མོ། །​འདི་ནི་ལམ་མ་ཡིན་ནོ། །​འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །​འདི་ནི་བསླབ་པ་མ་ཡིན་ནོ། །​འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །​འདི་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །​འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའོ། །​འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །​འདི་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །​འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །​འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །​འདི་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའོ། །​འདི་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །​འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །​འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །​འདི་ནི་བྱང་ཆུབ་སེམས་དཔའི་ཐབས་མཁས་པའོ། །​འདི་ནི་ཐབས་མཁས་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པའོ། །​འདི་ནི་སྐྱོན་དུ་འགྱུར་བའོ། །​ཞེས་བྱ་བར་ཆོས་དེ་དག་ལ་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་ནང་སྟོང་པ་ཉིད་ལ་ཕྱི་སྟོང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6856#UT22084-026-001-6856