གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྨོན་པ་ཡོད་པ་དང་། ཚོར་བ་སྨོན་པ་མེད་པ་དང་། འདུ་ཤེས་སྨོན་པ་ཡོད་པ་དང་། འདུ་ཤེས་སྨོན་པ་མེད་པ་དང་། འདུ་བྱེད་སྨོན་པ་ཡོད་པ་དང་། འདུ་བྱེད་སྨོན་པ་མེད་པ་དང་། རྣམ་པར་ཤེས་པ་སྨོན་པ་ཡོད་པ་དང་། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་དོན་གྱི་དབང་ཅི་ཞིག་ལ་བརྟེན་ནས། འདི་སྐད་དུ་གཟུགས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། དེ་བཞིན་དུ་གཟུགས་རྟག་པའི་ཚིག་བླ་དགས་མ་ཡིན། གཟུགས་མི་རྟག་པའི་ཚིག་བླ་དགས་མ་ཡིན། གཟུགས་བདེ་བའི་ཚིག་བླ་དགས་མ་ཡིན། གཟུགས་སྡུག་བསྔལ་བའི་ཚིག་བླ་དགས་མ་ཡིན། གཟུགས་བདག་ཡོད་པའི་ཚིག་བླ་དགས་མ་ཡིན། གཟུགས་བདག་མེད་པའི་ཚིག་བླ་དགས་མ་ཡིན། གཟུགས་ཞི་བའི་ཚིག་བླ་དགས་མ་ཡིན། གཟུགས་མ་ཞི་བའི་ཚིག་བླ་དགས་མ་ཡིན། གཟུགས་སྟོང་བའི་ཚིག་བླ་དགས་མ་ཡིན། གཟུགས་མི་སྟོང་བའི་ཚིག་བླ་དགས་མ་ཡིན།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-6837#UT22084-026-001-6837