སོ་སོ་ཡང་དག་པར་རིག་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་གཟུང་དུ་མེད་དོ། །​དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་གཟུང་དུ་མེད་པར། བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཏོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་གཟུང་དུ་མེད་ཅིང་དངོས་པོ་མེད་པ་སྟེ། རྨི་ལམ་ལྟ་བུ་སྒྲ་བརྙན་ལྟ་བུ། མིག་ཡོར་ལྟ་བུ་སྨིག་རྒྱུ་ལྟ་བུ། སྒྱུ་མ་ལྟ་བུ་སྤྲུལ་པ་ལྟ་བུ་སྟེ། སེམས་ཅན་རྣམས་ཀྱིས་ཆོས་དེ་དག་མ་ཤེས་མ་མཐོང་མ་རྟོགས་པར་བཟུང་དུ་མེད་པའི་ཆོས་ཀྱིས་བཟུང་དུ་མེད་པའི་ཆོས་གང་ཡང་ཐོབ་པར་མི་ནུས་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་གང་ཅི་གཏོང་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཏོང་ངོ་། །​ཚུལ་ཁྲིམས་གང་ཅི་སྲུང་བ་དང་། བཟོད་པ་གང་ཅི་སྒོམ་པ་དང་། བརྩོན་འགྲུས་གང་ཅི་རྩོམ་པ་དང་། བསམ་གཏན་གང་ཅི་ལ་མཉམ་པར་གཞོག་པ་དང་། ཤེས་རབ་གང་ཅི་སྒོམ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོམ་སྟེ། བདག་གི་དོན་དུ་མ་ཡིན་ནོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འཇུག་སྟེ། དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གང་སེམས་ཅན་མེད་པ་ལ་སེམས་ཅན་གྱི་འདུ་ཤེས་སུ་གནས་པ་དང་། བདག་མེད་པ་ལ་བདག་གི་འདུ་ཤེས་སུ་གནས་པ་དང་། སྲོག་མེད་པ་ལ་སྲོག་གི་འདུ་ཤེས་སུ་གནས་པ་དང་། འགྲོ་བ་མེད་པ་ལ་འགྲོ་བའི་འདུ་ཤེས་སུ་གནས་པ་དང་། གསོ་བ་མེད་པ་ལ་གསོ་བའི་འདུ་ཤེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-8822#UT22084-026-001-8822