བཅོམ་ལྡན་འདས་དངོས་པོ་མ་མཆིས་པ་ལ་ནི་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་མ་མཆིས་ཏེ། བཅོམ་ལྡན་འདས་ངོ་བོ་ཉིད་ལ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་མ་མཆིས་ཏེ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་རྣམ་པར་བྱང་བར་གསུངས་པ་དེ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ངས་རྣམ་པར་བྱང་བར་གསུངས་སོ། །​གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་གང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། དེ་བཞིན་དུ་གནས་པའི་ཆོས་ཀྱི་གནས་ཉིད་དང་། དབྱིངས་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཤེས་བྱ་བ་འདི་ནི་རབ་འབྱོར་རྣམ་པར་བྱང་བ་སྟེ། དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བརྗོད་ཀྱི་དེ་ནི་བརྗོད་དུ་མེད་ཅིང་སྨོས་སུ་མེད་པ་སྟེ། སྒྲ་དང་ཚིག་ཐམས་ཅད་ཀྱི་ལམ་ལས་འདས་པའི་ཆོས་སོ། །​གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྲ་བརྙན་ལྟ་བུ་མིག་ཡོར་ལྟ་བུ། སྨྱིག་རྒྱུ་ལྟ་བུ་སྒྱུ་མ་ལྟ་བུ་སྤྲུལ་པ་ལྟ་བུ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་སྟེ། དངོས་པོ་མ་མཆིས་པ། རྫས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-8812#UT22084-026-001-8812