པ་དང་། ཀུན་རྫོབ་ཤེས་པ་དང་། འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་བསྒོམ་མོ། །​ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དངོས་པོ་ཡོད་ཅེས་བྱ་བར་མི་བསྒོམ་མོ། །​མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དངོས་པོ་ཡོད་ཅེས་བྱ་བར་མི་བསྒོམ་མོ། །​རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་དངོས་པོ་ཡོད་ཅེས་བྱ་བར་མི་བསྒོམ་མོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་མེད་དོ། །​དངོས་པོའི་འདུ་ཤེས་ཅན་ལ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་མེད་དོ། །​དངོས་པོའི་འདུ་ཤེས་ཅན་ལ་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའི་བར་དུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དངོས་པོ་ལ་འདི་ནི་བདག་གོ །​ཞེས་བྱ་བར་མཐའ་གཉིས་ལ་ཆགས་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའི་བར་ལ། འདི་ནི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་པར་གྱུར་པས། གང་མཐའ་གཉིས་ལ་ཆགས་པར་གྱུར་པ་དེ་ལ་ནི་ཐར་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ནི་སྦྱིན་པ་འང་མེད།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-8496#UT22084-026-001-8496