བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་ལ་མཚན་ཉིད་མ་མཆིས་ཤིང་། མཚན་ཉིད་ཐ་དད་པ་ཡང་མ་ལགས། མཚན་ཉིད་གཅིག་པ་ཡང་མ་ལགས་ན། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་མཆིས་པར་འགྱུར། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་མ་མཆིས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་འདའ་བར་མི་ནུས་སོ། །​ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་མ་འདས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་མི་ནུས་སོ། །​བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཞུགས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་སྐྱེ་བའི་ཆོས་ལ་བཟོད་པ་བསྐྱེད་པར་མི་ནུས་སོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་མ་བསྐྱེད་པར་ནི་མངོན་པར་ཤེས་པ་བསྒྲུབ་པར་མི་ནུས་སོ། །​བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་མ་བསྒྲུབས་པར་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བར་མི་ནུས་སོ། །​སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མ་བགྱིས་པར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །​ཆོས་ཀྱི་འཁོར་ལོ་མ་བསྐོར་བར་ནི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་མི་ནུས་སོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་དགོད་པར་མི་ནུས་སོ། །​རང་བྱང་ཆུབ་ལ་དགོད་པར་མི་ནུས་སོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་མི་ནུས་སོ། །​སེམས་ཅན་རྣམས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་དགོད་པར་མི་ནུས་སོ། །​ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་དགོད་པར་མི་ནུས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-8486#UT22084-026-001-8486