ཆུབ་ཉིད་ཀྱང་ཤིན་དུ་མི་དམིགས་ན་དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ཀྱང་ཤིན་ཏུ་མི་དམིགས་ན་དེ་ལ་འགྲོ་བའམ་འོང་བ་མི་དམིགས་སོ། །​གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཟབ་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སུ་ཞིག་མོས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་སྤྱད་པར་གྱུར་པ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་རོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་སུམ་ཅུ་དྲུག་པའོ།​། །​།གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་དག་གི་རང་བཞིན་ཇི་ལྟ་བུ་ཞིག་ཏུ་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཚུལ་དང་། མཚན་མ་དང་། རྣམ་པ་ཇི་ལྟ་བུ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་དག་ནི་འདོད་ཆགས་རྣམ་པར་བསལ་བས། དབེན་པའི་རང་བཞིན་དུ་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཞེ་སྡང་དང་། གཏི་མུག་རྣམ་པར་བསལ་བས། དབེན་པའི་རང་བཞིན་དུ་འགྱུར་རོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདོད་ཆགས་ཀྱི་ཚུལ་གྱིས་དབེན་པའི་རང་བཞིན་དུ་འགྱུར་རོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-8010#UT22084-026-001-8010