ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ལམ་ངན་པར་ཞུགས་ཤིང་ཚུལ་མ་ཡིན་པ་བཞི་ལ་ཞེན་པ་རྣམས་ལ། སེམས་ཅན་རྣམ་པར་དག་པར་བྱ་བའི་དོན་དུ་མྱ་ངན་དང་གནོད་པ་ལས་ཡང་དག་པར་བཟླ་བ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་ནུབ་པར་བྱ་བ་དང་། རིག་པ་དང་ལྡན་པའི་ཆོས་གོ་བར་བྱ་བ་དང་། མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་ཕྱིར་གཅིག་ལ་རྟེན་པའི་ལམ་སྟོན་ཏོ། །​རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་དེད་དཔོན་དུ་གྱུར་པ་ཡིན་ནོ། །​རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ཡོངས་སུ་འདྲེན་པར་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། གཟུགས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཆོས་སྟོན་ཏོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཆོས་སྟོན་ཏོ། །​སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཆོས་སྟོན་ཏོ། །​སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཆོས་སྟོན་ཏོ། །​ཚུལ་ཁྲིམས་ཀྱི་ཕ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-8000#UT22084-026-001-8000