བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་དེ་ལྟར་ཞི་བདག་ལ་རྟོག་ཀྱང་ཞུམ་པར་མི་འགྱུར་ཞིང་བདག་གིས་ཆོས་དེ་དག་ནི་འདི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པར་བྱའོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ནི་འདི་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་དེ་ལྟར་ཞི་བ་དང་། དེ་ལྟར་བཟང་བ་དེ་དག་བཤད་པར་བྱའོ་སྙམ་དུ་སེམས་པ་ནི་དཀའ་བ་བྱེད་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་གྱི་དཔུང་གཉེན་དུ་གྱུར་པ་ཡིན་ནོ། །​རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་གྱི་གླིང་དུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ངམ། ཆུ་བྲན་ནམ། རྒྱ་མཚོ་ཆེན་པོའི་ནང་ན་ཆུས་ཡོངས་སུ་བཅད་པའི་གནས་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་གླིང་ཞེས་བྱ་སྟེ། རབ་འབྱོར་དེ་བཞིན་དུ་གཟུགས་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །​སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །​སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །​ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7997#UT22084-026-001-7997