ཉིད་ཀྱི་འགག་པ་མེད་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འདྲེ་བ་མེད་པའོ། །​རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་ཏོ། །​རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་རྣམས་ཀྱི་དཔུང་གཉེན་དུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་འདི་ལྟར་ཆོས་སྟོན་ཏེ། གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ནོ། །​ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ནོ། །​སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕ་རོལ་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ནོ། །​ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །​སྟོང་པ་ཉིད་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་ནི། སྟོང་པ་ཉིད་མ་ཡིན་ནོ། །​བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཕ་རོལ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མ་ཡིན་ནོ། །​འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7993#UT22084-026-001-7993