ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་བར་མ་དོར་ཉེ་ཞོར་མི་འགྱུར་ཏེ། མ་ཉེས་མ་ཉམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་གྲུ་མ་བསྡམས་ཤིང་ཟག་ལྷན་མ་བྱས་པར་རྫས་བཅུག་སྟེ་ཆུ་ལ་བཏང་ན། རབ་འབྱོར་གྲུ་དེ་ནི་ཞིག་པར་འགྱུར་ཏེ། གྲུ་ཡང་ལོགས་ཤིག །​རྫས་ཀྱང་ལོགས་ཤིག་ཏུ་སོང་ནས་དེ་ལྟར་ཚོང་པ་དེ་ཐབས་ལ་མི་མཁས་པས། གནོད་པ་ཆེན་པོ་དང་ལྡན་པར་འགྱུར་ཞིང་། རིན་པོ་ཆེ་ཆེན་པོ་ལས་ཡོངས་སུ་ཕང་བར་རིག་པར་བྱའོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར། དད་པ་ཡང་ཡོད། བཟོད་པ་ཡང་ཡོད། མོས་པ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། དགའ་བ་ཡང་ཡོད། སྤྲོ་བ་ཡང་ཡོད། མི་གཏོང་བ་ཡང་ཡོད། བརྩོན་འགྲུས་མི་འདོར་བ་ཡང་ཡོད་མོད་ཀྱི། དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་མ་བཟུང་། ཐབས་མཁས་པས་ཡོངས་སུ་མ་བཟུང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་མ་བཟུང་། སྟོང་པ་ཉིད་ཐམས་ཅད་ཀྱིས་ཡོངས་སུ་མ་བཟུང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་མ་བཟུང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7970#UT22084-026-001-7970