འདོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་གཞན་ལ་ཕན་མི་འདོགས་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མཐུན་པར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་མཐུན་པར་མི་སྤྱོད། ནང་སྟོང་པ་ཉིད་དང་མཐུན་པར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་མཐུན་པར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་དང་མཐུན་པར་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་མཐུན་པར་མི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་མཐུན་པར་མི་སྤྱོད་ན། དེ་ནི་གནས་གཉིས་དང་། ས་གཉིས་པོ་ལས་གཅིག་ལ་གནས་པར་འགྱུར་ཏེ། དེ་ནི་འདི་ལྟར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སྔོན་གྱིས་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མ་བྲིས་མ་བསྟན། ཁ་ཏོན་དུ་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིས་ཀྱང་ཕ་རོལ་ལ་ཕན་མ་བཏགས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡང་མཐུན་པར་མ་སྤྱད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་གནས་གཉིས་དང་། ས་གཉིས་པོ་དེ་ལས་གཅིག་ལ་གནས་པར་འགྱུར་པར་རིག་པར་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་སུམ་ཅུ་བཞི་པའོ།​། །​།རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་དབུས་སུ་གྲུ་ཞིག་པར་གྱུར་ལ། དེའི་མི་རྣམས་ཤིང་ངམ། ཤིང་དུམ་འམ། ཤིང་ལེབ་བམ། རྐྱལ་པའམ། རོ་ལ་མི་འཇུ་མི་འཛིན་ན། རབ་འབྱོར་མི་དེ་དག་ནི་རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི་འགྲམ་དུ་མ་ཕྱིན་པར་དུས་བྱེད་པར་རིག་པར་བྱའོ། །​རབ་འབྱོར་མི་གང་རྒྱ་མཚོའི་དབུས་སུ་གྲུ་ཞིག་པའི་ཚེ། ཤིང་ངམ། ཤིང་དུམ་འམ། ཤིང་ལེབ་བམ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7965#UT22084-026-001-7965