ཅིའི་སླད་དུ་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་པ་ལགས། ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་ངོ་བོ་ཉིད་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་ཚད་མེད་གཞལ་དུ་མེད་ལ། མི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་གཟུགས་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ། །​རབ་འབྱོར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ངོ་བོ་ཉིད་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་ཚད་མེད་གཞལ་དུ་མེད་ལ། མི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ། །​སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་ཚད་མེད། གཞལ་དུ་མེད་ལ། མི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བསམ་པ་དང་དཔག་པ་དང་ཚད་དང་མི་མཉམ་པ་དང་མཉམ་པ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་ཚད་མེད། གཞལ་དུ་མེད་ལ། མི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསམ་པ་དང་དཔག་པ་དང་ཚད་དང་མི་མཉམ་པ་དང་མཉམ་པ་མི་དམིགས་སོ། །​རབ་འབྱོར་དེ་ཇི་སྙམས་དུ་སེམས། གཟུགས་གང་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་དེ་ལ་གཟུགས་དམིགས་སུ་ཡོད་དམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་གང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་དེ་ལ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དམིགས་སུ་ཡོད་དམ། སྐྱེ་མཆེད་དང་ཁམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7948#UT22084-026-001-7948