ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ཀྱི་དོན་དུ་སྤྱོད་པ་ཉིད་དུ་འགྱུར་ཏེ་དེ་དག་གཞན་ལ་ཡང་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་རྣམ་པ་དེ་ལྟ་བུ་ཉིད་བརྗོད་པར་འགྱུར་རོ། །​ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མཉམ་པར་བཞག་པར་འགྱུར་ཏེ། དེ་དག་ནི་བདུད་དམ་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་ན། སྡིག་ཏོ་ལ་མོས་པ་དང་། སྡིག་ཏོའི་སྤྱོད་པ་ཅན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སྤོང་བ་གཞན་གྱིས་ལྟ་ཅི་སྨོས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། དགའ་ཞིང་ཉམས་བདེ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་པོ་ཡང་དགེ་བའི་ཆོས་ལ་འགོད་པར་འགྱུར་རོ། །​རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ནི་ངའི་མདུན་དུ་འདི་སྐད་དུ། བཅོམ་ལྡན་འདས་བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བྱང་ཆུབ་ཏུ་རབ་ཏུ་དགོད་པར་བགྱིའོ། །​ཡང་དག་པར་བསྟན་པར་བགྱིའོ། །​ཡང་དག་པར་བསྐུལ་བར་བགྱིའོ། །​ཡང་དག་པར་གཟེང་བསྟོད་པར་བགྱིའོ། །​ཡང་དག་པར་དགའ་བར་བགྱིའོ། །​ཕྱིར་མི་ལྡོག་པར་ལུང་བསྟན་པར་བགྱིའོ་ཞེས་བྱ་བའི་ཚིག་སྨྲས་སོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་ཚིག་ནི། སེམས་ལ་སེམས་ཀྱིས་རྣམ་པར་བལྟས་ཏེ་ངས་རྗེས་སུ་དགྱེས་པ་མཛད་དོ། །​ཤ་ར་དྭ་ཏིའི་བུ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཡང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་འདི་སྐད་དུ། བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7869#UT22084-026-001-7869