རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་མང་བར་འགྱུར་ཏེ། དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་མེ་ཏོག་དང་ཕྲེང་བ་དང་སྤོས་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད་བསྟི་སྟང་དུ་བྱེད། མཆོད་པར་བྱེད་དོ། །​དེ་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་འཆང་བ་དེ་དག་ཀྱང་དོན་ཆེ་བ་དང་ལེགས་པ་ཆེ་བ་དང་འབྲས་བུ་ཆེ་བ་དང་། རྣམ་པར་སྨིན་པ་ཆེ་བར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཕྱིར་མི་ལྡོག་པའི་ས་ཡོངས་སུ་ནོན་གྱི་བར་དུ་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་དུ་སྐྱེ་བར་མི་འགྱུར་རོ། །​ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་རོ། །​ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དགེ་བའི་རྩ་བ་དེ་ཉིད་ཀྱིས་ཕ་རོལ་དུ་ཕྱིན་པ་དྲུག་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །​ནང་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །​དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །​འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །​ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང་ནམ་ཡང་བྲལ་བར་མི་འགྱུར་རོ། །​དེ་བཞིན་གཤེགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7862#UT22084-026-001-7862