འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཅིའི་མཐུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་ཁ་ཏོན་དུ་བགྱི་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱི་བ་དང་། བསྒོམ་པ་ལ་བདུད་སྡིག་ཏོ་ཅན་བགེགས་བགྱིད་པར་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མི་ནུས་སོ། །​ཤ་ར་དྭ་ཏིའི་བུ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གི་མཐུས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་སྟོན་པ་དང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མི་ནུས་སོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་དགོངས་ཤིང་ཡོངས་སུ་འཛིན་པ་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། སྟོན་པ་དང་ཁ་ཏོན་དུ་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མི་ནུས་སོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མི་ནུས་སོ། །​ཤ་ར་དྭ་ཏིའི་བུ་དེ་ནི་གང་དེ་ལྟར་ཕྱོགས་བཅུ་ཀུན་གྱི་འཇིག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7859#UT22084-026-001-7859