སེམས་དཔའ་ཆེན་པོ་དེའི་སྔ་ལྟས་དེ་དག་མཐོང་ནས། སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུང་བསྟན་པར་འགྱུར་བ་ལ་ཡང་སྔ་ལྟས་འདི་དག་བྱུང་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའང་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ་ཞེས་དགའ་ཞིང་སྤྲོ་ལ། ཡིད་བདེ་ཞིང་ཉམས་བདེ་བར་འགྱུར་རོ། །​བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། བུད་མེད་སྦྲུམ་པ་ནི་ཇི་ལྟ་ཇི་ལྟར་བཙར་ཉེ་བ་དེ་ལྟ་དེ་ལྟར་ལུས་འགྱུར་ཏེ། དེ་ལྟ་དེ་ལྟར་སླར་ཞིང་ལུས་ངལ་ལ་རྒྱུད་ཞན་ཞིང་མི་དགའ་ལ་ཁ་ཟས་ཡི་གར་མི་མཆི་ཞིང་རྨུགས་པ་དང་། གཉིད་ཀྱང་ཆུང་དུ་འགྱུར་ཏེ། ཉམས་མི་བདེ་བ་དེས་སྨྲ་བ་ཉུང་ཞིང་། བསྟེན་པའི་ངང་ཚུལ་མ་མཆིས་ལ། སྔོན་གྱི་ཚུལ་བཞིན་མ་ལགས་པའི་ཡིད་ལ་བགྱིད་པ་བསྟེན་པ་དང་བསྙེན་པ་དེས་རྣམ་པ་དེ་ལྟ་བུའི་ཚོར་བ་མྱོང་བར་འགྱུར་ཏེ། བུད་མེད་གཞན་དག་གིས་བུད་མེད་དེའི་མཚན་མ་ཇི་ལྟ་ཇི་ལྟར་མཐོང་བ་ལས་བུད་མེད་འདི་ནི་རིང་པོར་མི་ཐོགས་པར་བཙའ་བར་འགྱུར་རོ་ཞེས་བགྱི་བར་འཚལ་ཏོ། །​བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ། ལེགས་པའི་སྤྱོད་པ་སྤྱད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ལ་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཐད་པར་འགྱུར་ཏེ། འཐད་པར་གྱུར་ནས་ཀྱང་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བར་རིག་པར་བགྱིའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །​ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་སྤོབས་པ་དེ་ནི་སངས་རྒྱས་ཀྱི་མཐུས་སྐྱེས་སོ། །​དེ་ནས་ཚེ་དང་ལྡན་པ་རབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7843#UT22084-026-001-7843