འཚང་རྒྱ་བའི་ཕྱིར་རོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ཉི་ཤུ་དགུ་པའོ།​། །​།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་སེམས་ཅན་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ། །​ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་སེམས་ཅན་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །​གང་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱས་ནས་ཀྱང་། དེ་བཞིན་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པ་ལྟ་ཅི་སྨོས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཐོས་ནས་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་བ་དེ་དག་གིས། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡོངས་སུ་དྲིས་སོ། །​ཡོངས་སུ་ཞུས་སོ། །​རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཐོས་ནས་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་ལ་འཛིན་ཅིང་འཆང་བ་དང་ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གིས་ནི་བསྐལ་པ་བྱེ་བ་མང་པོར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་ལ། འཛིན་ཅིང་འཆང་བ་དང་། ཀློག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7819#UT22084-026-001-7819