ལ་སྤྱོད་དོ། །​དེ་ཅིའི་ཕྱིར་ཞེ་ན། གང་རྟག་པའམ་མི་རྟག་པའམ། བདེ་བ་འམ་སྡུག་བསྔལ་བའམ། བདག་གམ་བདག་མེད་པ་འམ། སྡུག་པ་འམ་མི་སྡུག་པར་འགྱུར་བ་དེ་ལྟ་བུའི་གཟུགས་མེད་དོ། །​གང་རྟག་པའམ། མི་རྟག་པའམ་བདེ་བའམ། སྡུག་བསྔལ་བའམ། བདག་གམ། བདག་མེད་པའམ། སྡུག་པ་འམ། མི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་མེད་དོ། །​གང་རྟག་པའམ་མི་རྟག་པའམ། བདེ་བ་འམ་སྡུག་བསྔལ་བའམ། བདག་གམ་བདག་མེད་པའམ། སྡུག་པའམ་མི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་དོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཞི་བཅུ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཡོངས་སུ་མ་རྫོགས་སོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་མ་རྫོགས་སོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​གལ་ཏེ་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་མ་རྫོགས་སོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་ཡོངས་སུ་མ་རྫོགས་སོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་མ་རྫོགས་སོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་རྫོགས་སོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །​འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7776#UT22084-026-001-7776