དེ་དག་ནི་ཞེ་སྡང་གི་སྤྱོད་པ་ཅན་ཡིན་ཏེ། དེ་དག་བདག་བསྟོད་ཅིང་གཞན་སྨོད་པར་གྱུར་པས། རྒྱུ་བཞི་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་ཏེ། རབ་འབྱོར་རྣམ་པ་བཞི་པོ་དེ་དག་གིས་སྐྱེས་བུ་གླེན་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །​གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བརྩོན་འགྲུས་ཆུང་བ་དང་། དགེ་བའི་རྩ་བ་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོའི་སུག་པར་མཆིས་པ་རྣམས་ཀྱིས་མོས་པར་དཀའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི་བརྩོན་འགྲུས་ཆུང་བ་དང་། དགེ་བའི་རྩ་བ་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་ལྷུང་བ་རྣམས་ཀྱིས་མོས་པར་དཀའོ། །​གསོལ་བ་བཅོམ་ལྡན་འདས་དེ་ལྟར་མོས་པར་དཀའ་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཇི་ཙམ་དུ་ཟབ་པ་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ལ་རང་བཞིན་མེད་པ་ནི་གཟུགས་སོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ལ་རང་བཞིན་མེད་པ་ནི་རྣམ་པར་ཤེས་པའོ། །​རབ་འབྱོར་སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རང་བཞིན་མེད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །​སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་རང་བཞིན་མེད་པ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །​རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7725#UT22084-026-001-7725