བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་ཆོས་འཇིག་པར་འགྱུར་བའི་ལས་བྱས་པ་དང་། བསགས་པ་དང་ཚང་བར་བྱས་པ་དང་། རྫོགས་པར་བྱས་པ་དང་ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐང་བ་དེས། འདི་སྲིད་ཅིག་དུ་སེམས་ཅན་དམྱལ་བར་སྡུག་བསྔལ་མྱོང་བར་འགྱུར་རོ། །​འདི་སྲིད་ཅིག་ཏུ་བྱོལ་སོང་གི་ནང་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །​འདི་སྲིད་ཅིག་ཏུ་གཤིན་རྗེའི་འཇིག་རྟེན་དུ་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་བྱས་པ་དེ་ཉིད་ཀྱིས་ཀྱང་། མ་བྱུང་བའི་སྐྱེ་བོ་རྣམས་ལ་སྣང་བ་བྱས་པར་འགྱུར་རོ་གསོལ་པ་བཅོམ་ལྡན་འདས་དེ་དེ་ལགས་སོ། །​བདེ་བར་གཤེགས་པ་དེ་དེ་ལགས་སོ། །​བཅོམ་ལྡན་འདས་དེ་ཉིད་ཀྱིས་ཀྱང་དཀར་ཞིང་རིགས་དང་ལྡན་པའི་གང་ཟག་རྣམས་ནོངས་པ་སྤོང་ཞིང་། བདག་ཅག་གིས་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་དུ་འོང་ངོ་ཞེས་སྲོག་གི་དོན་དུ་ཡང་དམ་པའི་ཆོས་མི་སྤོང་ངོ་། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་གང་ཟག་དམ་པའི་ཆོས་སྤོང་བའི་ནོངས་པ་བརྗོད་པ་འདི་ཐོས་ན། བདག་ཅག་ཀྱང་ངན་སོང་དག་དུ་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་མྱོང་དུ་འོང་ངོ་། །​དེ་བཞིན་གཤེགས་པ་མི་མཐོང་བ་དང་། ཆོས་མི་ཐོས་པ་དང་། དགེ་འདུན་བསྙེན་ཅིང་བཀུར་དུ་མེད་པར་འགྱུར་དུ་འོང་ངོ་། །​སངས་རྒྱས་འབྱུང་བ་མེད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སུ་འོང་ངོ་། །​མི་འཕོངས་པར་འགྱུར་དུ་འོང་ངོ་། ཤིན་དུ་འཇུངས་པའི་སེམས་དང་ལྡན་པར་འགྱུར་དུ་འོང་ངོ་ཞེས་བགྱི་བར། ལུས་དང་དག་དང་ཡིད་ཀྱི་ལས་ཤིན་དུ་བསྡམ་པར་བགྱིའོ། །​ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཚིག་གི་ལས་བགྱིས་ཤིང་བསྩགས་པ་ནི། ཆོས་འཇིག་པར་འགྱུར་བའི་ལས་བགྱིས་ཤིང་བསགས་པར་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཚིག་གི་ལས་བྱས་ཤིང་བསགས་པས། ཆོས་འཇིག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7722#UT22084-026-001-7722