དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །​ཆོས་ལ་སེམས་མེད་པའི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། ཆོས་ལ་སེམས་མེད་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །​ཆོས་ལ་སེམས་མེད་པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། །​བམ་པོ་སུམ་ཅུ་བརྒྱད་པ། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བགྱིད་པ་དེ། ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱོད་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་རྣམ་པར་ཕྱེ་ཞིང་བཤད་དགོས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་དེ་མི་དམིགས་པའི་ཚུལ་གྱིས་བརྩོན་པར་བྱེད་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བྱེད་ཅིང་འཕེལ་བ་དང་འགྲིབ་པར་མཐོང་བ་མེད་པས། ཆོས་གང་ཡང་མི་སྤོང་སྟེ། ནམ་ཡང་ཕ་རོལ་དུ་ཕྱིན་པ་དྲུག་དང་འབྲལ་བར་མི་འགྱུར་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་འབྲལ་བར་མི་འགྱུར་ཞིང་དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོ་དང་། བཀུར་སྟི་དང་བསྟི་སྟང་དང་། མཆོད་པ་བྱ་བར་འདོད་པའི་དགེ་བའི་རྩ་བ་དེ་དག་ཀྱང་། སེམས་བསྐྱེད་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7716#UT22084-026-001-7716