རྗེས་སུ་ཡི་རང་བར་བྱའོ། །​རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དེ་ནི་དམ་པར་འགྱུར་ཏེ། རྗེས་སུ་ཡི་རང་བ་དེ་དག་ནི་མི་མཉམ་པ་དང་མཉམ་པའི་བར་དུ་འགྱུར་རོ། །​རབ་འབྱོར་རྗེས་སུ་ཡི་རང་བ་འདི་ལ་ནི་དེ་མ་ཡིན་པའི་རྗེས་སུ་ཡི་རང་བ་གཞན་ཐམས་ཅད་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །​རྒྱུའི་བར་དུ་ཡང་མི་བཟོད་དེ། རྗེས་སུ་ཡི་རང་བ་འདི་ནི་དེ་མ་ཡིན་པའི་རྗེས་སུ་ཡི་རང་བ་གཞན་དག་པས་རབ་ཅེས་བྱའོ། །​གཙོ་བོ་ཞེས་བྱའོ། །​དམ་པ་ཞེས་བྱའོ། །​མཆོག་ཅེས་བྱའོ། །​ཕུལ་ཞེས་བྱའོ། །​གྱ་ནོམ་པ་ཞེས་བྱའོ། །​བླ་ན་མེད་པ་ཞེས་བྱའོ། །​གོང་ན་མེད་པ་ཞེས་བྱའོ། །​མཉམ་པ་མེད་པ་ཞེས་བྱའོ། །​མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང་། ཉན་ཐོས་དང་། རང་སངས་རྒྱས་སུ་བཅས་པ་དེ་དག་གི་སེམས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་དང་གཞན་ཡང་སངས་རྒྱས་ཀྱི་ཆོས་ཚད་མེད་པའི་བར་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་འདོད་ན། འདི་ལྟར་རྗེས་སུ་ཡི་རང་བར་བྱའོ། །​རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་གཟུགས་སོ། །​རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་སོ། །​རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སྐྱེ་མཆེད་རྣམས་དང་ཁམས་རྣམས་སོ། །​རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་རྟེན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9/UT22084-026-001-7693#UT22084-026-001-7693