༄༅༅། །​རྒྱ་གར་སྐད་དུ། ཨཱརྱ་ཛྙཱ་ནོ་ལྐོ་ནཱ་མ་དྷཱ་ར་ཎཱི་སརྦ་ག་ཏི་པ་རི་ཤོ་དྷ་ནཱི། བོད་སྐད་དུ། འཕགས་པ་ཡེ་ཤེས་ཏ་ལ་ལ་ཞེས་བྱ་བའི་གཟུངས་འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །​སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཏ་ལ་ལ་ལ་ཕྱག་འཚལ་ལོ། །​དེ་བཞིན་གཤེགས་པ་གསེར་གྱི་འོད་བརྩེགས་སྣང་བ་ལ་ཕྱག་འཚལ་ལོ། །​དེ་བཞིན་གཤེགས་པ་བདེན་གསུང་ལ་ཕྱག་འཚལ་ལོ། །​དེ་བཞིན་གཤེགས་པ་འཇིགས་པའི་སྒྲ་སྒྲོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །​དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་དང་། དེ་བཞིན་གཤེགས་པ་དེ་དག་ཟླ་བ་དང་། ཉི་མའི་གནས་ན་བཞུགས་སོ། །​དེ་ནས་ལྷའི་བུ་ཟླ་བ་དང་ཉི་མ་གཉིས་དེ་བཞིན་གཤེགས་པ་དེ་དག་ག་ལ་བཞུགས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ག་ལ་བ་དེར་སོང་ནས། དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་རྣམས་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་ལ་བཞུགས་པ་རྣམས་དང་། ཁང་པ་བརྩེགས་པ་འཛམ་བུའི་རྒྱལ་མཚན་བརྩེགས་པ་དག་གི་ནང་ན་བྱང་ཆུབ་སེམས་དཔའ་དེ་དག་འཁོད་པ་ཡང་མཐོང་ངོ་། །​དེ་ནས་ལྷའི་བུ་ཟླ་བ་དང་ཉི་མ་གཉིས་གཅིག་ལ་གཅིག་སེམས་ཏེ། ཇི་ལྟར་བྱས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་འདི་རྣམས་ལས་སེམས་ཅན་ཐམས་ཅད་ལ་སྣང་བ་སྦྱིན་པ་དང་། མུན་པ་མུན་ནག་བསལ་བའི་ཕྱིར་ཤར་བའི་གཟུངས་སྔགས་ཕྱོགས་བཅུར་ཁྱབ་པའི་བློ་ཅན་ཞེས་བྱ་བ་གང་གི་མཐུས་བདག་ཅག་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་པ་ཐོབ་པར་འགྱུར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh848/UT22084-088-016-63#UT22084-088-016-63